ཇོན་ལུཧི་མ་སུ་བེར།

0 Comment

Jean-Louis Massoubre

༄། །སྐུ་ཞབས་ ཇོན་ལུཧི་མ་སུ་བེར་ མཆོག་གི་སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

   ཧྥ་རན་སིའི་སྤྱི་མཐུན་རྒྱལ་ཁབ་ལྷན་ཚོགས་ཆེན་མོ་ (Assemblée nationale) ཡི་འཐུས་མི་རྒན་པ་ (honoraire) སྐུ་ཞབས་ ཇོན་ལུཧི་མ་སུ་བེར་ (Jean-Louis Massoubre) མཆོག་ནི་ཧྥ་རན་སིའི་ལྷོ་ཕྱོགས་གྲོང་ཁྱེར་ པེར་པི་ཉན་ (Perpignan) དུ་སྤྱི་ལོ་ ༡༩༣༨ ཟླ་བ་ ༨ པའི་ཚེས་ ༡༧ དང་བོད་ལུགས་ས་ཕོ་སྟག་ལོའི་བོད་ཟླ་ ༦ པའི་ཚེས་ ༢༡ ཉིན་སྐུ་འཁྲུངས།

   གང་ཉིད་ཀྱི་ཡབ་ ཨེ་མིལ་ (Émile) དང་ཡུམ་ སུ་ཟན་ (Suzanne) དང་མ་ཡུམ་གྱི་ཕ་དམག་མིའི་སྨན་པ་དམག་དཔོན་ཟུར་པ་ ཀོ་མེ་ལེ་རན་ (Comméléran) ཞེས་པ་ཤེས་ཡོན་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ཁོང་རྣམ་པ་ལྷན་དུ་འཁྲུངས་ཡུལ་དེར་དགུང་གྲངས་ ༡༨ ལ་མ་སོན་བར་གཞུགས།

སློབ་གཉེར་གནང་ཚུལ།

   དགུང་ལོ་ ༡༨ ཙམ་ནས་རྒྱལ་ས་ དཔལ་རིས་ (Paris) ལ་སྙན་གྲགས་དང་བརྩི་མཐོང་ཤིན་ཏུ་ཆེ་བའི་མཐོ་རིམ་སློབ་གྲྭ་ཆེན་མོ་ ཨེ་ཀོལ་ནོར་མལ་སུ་པེ་རི་ཡོར་ (École Normale Supérieure) ཞེས་པ་དེར་འོས་གཞིའི་འགྲན་སྡུར་གྱི་གོ་སྒྲིག་སློབ་སྦྱོང་ལོ་གཉིས་རིང་གནང་། མ་གཞིར་ཐུགས་རིག་བཀྲ་བས་ཤེས་བྱའི་གནས་རྣམས་ལ་མྱུར་དུ་མཁས་པར་གྱུར། ལྷག་པར་ནུབ་ཕྱོགས་སྐད་ཡིག་ཕལ་ཆེ་བའི་མེས་པོའི་སྐད་ གྷི་རིཀ་ (grec) དང་ ལཱ་ཏིན་ (latin) གཉིས་དང་བྱུང་རབས་ལོ་རྒྱུས་ (histoire) དང་ཧྥ་རན་སིའི་རྩོམ་རིག་གཙུག་ལག་ (littérature) དང་ནུབ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་གྲུབ་མཐའ་ (philosophie) བཅས་སྡེ་ཚན་དེ་རྣམས་ལ་ཆ་མཉམ་དུ་བྱང་ཆ་ཤིན་ཏུ་ཆེ་བས་ ༡༩༥༩ ལོར་སློབ་གྲྭ་ཆེན་མོར་ཨང་དང་པོའི་གྲས་སུ་ཚུད། ལོ་དེར་རིག་པའི་གཞུང་ལུགས་ཀྱི་ངག་རྒྱུགས་སྤྲོད་སྐབས་ ཧེ་གེལ་ (Hegel) གྱི་གྲུབ་མཐའ་འཛིན་པ་གྲགས་ཅན་སློབ་དཔོན་ཆེན་མོ་ ཇོན་ཨི་པོ་ལིཏ་ (Jean Hyppolyte) ཞེས་པ་ཁོང་ཉིད་ལས་འགྲན་སྡུར་བ་ཡོངས་ཀྱི་ནང་ནས་ཨང་དང་པོ་ཐོབ། ཕྱིས་སུ་མཁས་དབང་སློབ་དཔོན་ རེ་མོན་ཨ་རོན་ (Raymond Aron) གྱི་ཟུར་གཟིགས་འོག་སྤྱི་ཚོགས་རིག་པའི་སྐོར་ལ་བསླབ་པ་མཐར་སོན་གྱི་ཆེད་རྩོམ་མཛད།

   སྤྱིར་སྐབས་དེར་དམར་པོའི་རིང་ལུགས་འཛིན་པ་སློབ་དཔོན་ ལུཧི་ཨལ་ཐུ་ཛེར་ (Louis Althusser) གྱི་དགོངས་པའི་འཁྱེར་ཕྱོགས་ལ་བརྟེན་སློབ་གཉེར་བ་ཕལ་མོ་ཆེ་ མ་ཁེ་སིའི་(marxiste) ལྟ་བའི་ཕྱོགས་འཛིན་ཅིང་། དེ་མིན་རྣམས་ཡི་ཤུའི་ ཀ་ཐོ་ལིག་ (catholique) གི་ཕྱོགས་སྐྱོད་པ་ཡིན། ཁོང་ཉིད་ཀྱིས་དེ་དག་གི་ཕྱོགས་གང་ཡང་མི་འཛིན། དེ་དུས་སྐབས་རེར་རྩེད་མོའི་ཚུལ་དུ་ ང་ནི་ལྷ་ཁས་མི་ལེན་པ་ཞིག་དང་ཧེ་གེལ་ལྟ་བའི་རྗེས་འཇུག་པ་ཡིན་ཡང་དེ་ལ་དོགས་ཟོན་པ་ཞིག་ཀྱང་ཡིན་ ཞེས་གསུངས། གང་ལྟར་ཡང་ལྟ་བའི་རྣམ་བཞག་མང་པོ་འཛིན་པ་ལས་ཁ་ཡོད་ལག་ཡོད་གལ་ཆེར་དགོངས་ནས་རེ་ཞིག་སྲིད་དོན་ལ་བློ་ཁ་ཕྱོགས་པར་གྱུར།

ཆབ་སྲིད་ཐད་ཀྱི་མཛད་རྗེས་སྐོར།

   སྤྱི་ལོ་ ༡༩༦༣ ལོའི་ཟླ་བ་ ༣ པའི་ནང་བཀའ་ཤག་གི་ལས་ཁུངས་རྣམས་སུ་ཕྱག་ལས་དབུ་བཙུགས། ཐོག་མར་བློན་ཆེན་ ཨེད་གར་པི་ཛ་ནི་ (Edgard Pisani) ཡི་འོག་ཡོད་སོ་ནམ་ལས་ཁུངས་ (ministère de l’Agriculture) ཀྱི་སྐུ་ཚབ་ལས་འགན་ལྷན་ཚོགས་ཆེན་མོ་རུ་སྤྱི་ལོ་ ༡༩༦༦ བར་ཐུགས་འགན་བཞེས། དེ་རྗེས་རྒྱལ་ཁབ་ཀྱི་ཕྱི་སྲིད་དྲུང་ཆེ་ ཤལ་དོ་ཤམ་བེ་རེན་ (Charles de Chambrun) གྱི་འོག་ཡོད་ཕྱི་རྒྱལ་ཚོང་འབྲེལ་ལས་ཁུངས་ (ministère du Commerce extérieur) ཀྱི་སྐུ་ཚབ་ཡང་སྤྱི་ལོ་ ༡༩༦༦ ནས་ ༡༩༦༧ བར་གནང་། དེ་མཚམས་སྤྱི་ལོ་ ༡༩༦༧ ཟླ་བ་ ༣ པའི་ནང་ སཱོམ་ (Somme) ཞེས་པའི་ཞིང་ཆེན་དེའི་འོས་འདེམས་ས་ཁུལ་གཉིས་པའི་ནང་སྲིད་འཛིན་ དོ་གྷོལ་ (De Gaulle) གྱི་ཕྱོགས་སུ་བཞེངས་ནས་འཐུས་མིའི་འོས་ཤོག་ཐོབ། དེ་སྐབས་གང་ཉིད་དགུང་ལོ་ ༢༧ སྟེ། ལྷན་ཚོགས་ཆེན་མོའི་འཐུས་མི་དགུང་ལོ་ཆུང་ཤོས་གཉིས་པར་གྱུར། དེ་རྗེས་ ༡༩༦༨ དང་ ༡༩༧༣ དང་ ༡༩༧༨ བཅས་ལ་མུ་མཐུད་དུ་འོས་ཐོབ། དེར་མ་ཟད་ མཱོན་དི་དེ་ཡེ་ (Montdidier) ཡི་མངའ་སྡེའི་སྤྱི་ཁྱབ་སྤྱི་ལོ་ ༡༩༦༧ ནས་ ༡༩༧༩ བར་དང་། ཨར་ཝི་ལེ་ (Arvillers) ཡི་སྡེ་དཔོན་ཡང་སྤྱི་ལོ་ ༡༩༧༡ ནས་ ༡༩༧༧ བར་གཅིག་ལྕོགས་གནང།

   གྲོས་ཚོགས་ནང་སྔ་ཕྱིར་ཕྱི་འབྲེལ་འགན་འཛིན་དང་སྤྱི་ཚོགས་དང་དཔལ་འབྱོར་འགན་འཛིན་དེ་ནས་ཐོན་སྐྱེད་དང་ཚོང་དོན་འགན་འཛིན་བཅས་གནང་། ཕྱི་སྲིད་འགན་འཛིན་སྐབས་སུ་གྲོས་ཚོགས་ཀྱི་སྐུ་ཚབ་གནང་ནས་རྒྱལ་ཁབ་མང་པོར་ཕེབས་ཤིང་ལྷག་པར་ ༡༩༦༨ ལོར་ ཝི་ཏི་ནམ་ (Vietnam) དང་ ནི་ཇེ་རི་ཡ་ (Nigéria) དང་དེ་རྗེས་ ཨུ་རུ་སུ་ (URSS) བཅས་སུ་ཕེབས། ལྷག་དོན་ཁོང་གི་ཞིང་ཆེན་ སཱོམ་ (Somme) ནང་དུ་ཕྱག་ལས་རྒྱ་ཆེན་གནང་། གཞུང་ལམ་གསར་བཟོ་དང་དཔལ་འབྱོར་གོང་འཕེལ་བཏང་ནས་མི་མང་ལ་ལས་ཀ་མང་པོ་ཐོབ་པ་སོགས་གྲུབ་འབྲས་གང་ལེགས་བྱུང་། མུ་མཐུད་དུ་ ༡༩༨༡ བར་དུ་འོས་ཤོག་ཐེངས་བཞི་ཐོབ་པ་དང་མཛད་རྗེས་ཆེ་བས་གྲོས་ཚོགས་ནང་འཐུས་མི་རྒན་པའི་གོ་གནས་ཕུལ།

   གཞན་ཡང་ ༡༩༧༢ ལོར་ བྱུང་བ་ (C’était) ཞེས་པའི་དཔེ་དེབ་ཅིག་དཔར་སྐྲུན་གནང་བའི་ནང་དམར་པོའི་ལྟ་བ་རིམ་བཞིན་ཉམས་ཉེས་སུ་འགྱུར་ཞེས་སྐབས་དེར་སུས་ཀྱང་ཡིད་ཆེས་དཀའ་བའི་ལུང་བསྟན་གནང་ཡོད།

ནང་ཆོས་དང་ཐུགས་འདྲེས་བྱུང་ཚུལ།

   སྤྱི་ལོ་ ༡༩༧༤ ཙམ་ནས་ཁོང་གིས་བཟའ་ཟླ་ལྷན་དུ་དབྱིན་ཡིག་དང་ཧྥ་རན་སིའི་སྐད་དུ་ནང་ཆོས་སྐོར་བསྒྱུར་ཡོད་པའི་ནང་ཆོས་ངོ་སྤྲོད་དཔེ་དེབ་རིགས་ལ་གཟིགས་ཞིབ་གནང་སྟེ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་དང་སྟོང་ཉིད་མཉམ་བཞག་ལ་བརྟེན་ནས་ཡེ་ཤེས་མངོན་དུ་འགྱུར་ཚུལ་ལ་ཐུགས་སྣང་ཆེ་བ་མཛད།

   སྤྱི་ལོ་ ༡༩༧༥ ཟླ་བ་ ༡ པོའི་ཚེས་ ༦ ཉིན་རྒྱལ་བའི་དབང་པོ་དཔལ་༧ཀརྨ་པ་སྐུ་ཕྲེང་ ༡༦ པ་ཆེན་པོ་མཆོག་ཧྥ་རན་སིར་ཐོག་མར་ཆིབས་སྒྱུར་གནང་སྐབས་དབུ་ཞྭ་མཐོང་གྲོལ་སྒྲོན་པར་མཇལ་བ་དང་སྐྱབས་འགྲོའི་ཆོས་འབྲེལ་ཡང་ཐོབ་ནས་དགའ་དད་ཁྱད་པར་བ་ཐུགས་ལ་འཁྲུངས། དེར་བརྟེན་མུ་མཐུད་དུ་ནང་ཆོས་ལ་ཐུགས་སྣང་ཆེ་བཞེས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་དེ་ཧྥ་རན་སིའི་ནང་ལ་ཁྱབ་སྤེལ་བྱུང་ན་ནུབ་ཕྱོགས་པ་རྣམས་ལ་ཕན་པ་ཡོང་བར་དགོངས། ཡིན་ན་ཡང་ཧྥ་རན་སིའི་རྩ་ཁྲིམས་སུ་ཆོས་སྲིད་འབྲེལ་མེད་དགོས་པ་དེ་གལ་ཆེར་བརྩིས་ཏེ་ཁོང་གིས་དེ་ནས་བཟུང་མངོན་གསལ་དོད་པོ་མ་ཡིན་པའི་ཐོག་ནས་ནང་བསྟན་ལ་གང་ཐུབ་ཀྱི་ཞབས་ཞུ་མུ་མཐུད་དུ་གནང་།

   ༡༩༧༨ ལོར་རྒྱལ་དབང་༧ཀརྨ་པ་མཆོག་དང་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་ཁོང་གི་སྲས་ཆུང་བ་ ཨཱ་ནནྡ་ (Ananda) ཞེས་པ་དེ་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་། དེ་བཞིན་སྲས་ཉིད་ཀྱིས་ཤར་ནུབ་གཉིས་ཀྱི་སློབ་གཉེར་ལེགས་པར་མཐར་སོན་ནས་ཀརྨ་ཕྲིན་ལས་སྤྲུལ་སྐུའི་མཚན་ཐོག་དུ་ད་ཆ་རྒྱལ་བའི་བསྟན་པ་ལ་ཞབས་འདེགས་ཞུ་བཞིན་པ་ཡིན།

   དམ་པ་ཁོང་གི་ཐུགས་ཁུར་འོག་རིམ་བཞིན་མཉམ་འབྲེལ་ཚོགས་པ (Association) འི་ངོ་བོའི་ཐོག་ནས་ནང་ཆོས་སློབ་གཉེར་དང་སྒྲུབ་ཁང་གསར་འཛུགས་བྱུང་བ་དྭགས་པོ་བཀའ་བརྒྱུད་གླིང་དང་། བཀའ་བརྒྱུད་གླིང་དང་། དམིགས་བསལ་དུ་དཔལ་རིས་ལ་བཀའ་བརྒྱུད་རྫོང་དང་། གཤེན་བསྟན་སོགས་བྱུང། དེ་ལྟར་གཙོ་བོ་བཀའ་བརྒྱུད་པ་ཡིན་ཡང་རིས་མེད་ཆོས་བརྒྱུད་ཀུན་ལ་ཞབས་འདེགས་གང་མང་ཞུས། ལྷག་པར་དུ་ཁོང་གིས་ཡེ་ཤུའི་ཐོབ་ཐང་བཞིན་དུ་ནང་པའི་ཆོས་སྡེའི་ཚོགས་པ་ (Congrégation) ཟུར་འཛུགས་ཀྱི་དགོངས་འཆར་གནང་བར་བརྟེན་ ༧ཀརྨ་པ་ཞྭ་དམར་སྐུ་ཕྲེང་ ༡༤ པའི་དབུ་འཛིན་འོག་ཀྃ་ཚང་ཆོས་བརྒྱུད་ཧྥ་རན་སིར་དར་གནས་ཀྱི་ཆོས་ལུགས་ཡིན་པ་ཧྥ་རན་སིའི་གཞུང་གིས་ངོས་འཛིན་ཐོབ་ནས་དྭགས་པོ་བཀའ་བརྒྱུད་གླིང་གིས་ཐོག་མར་ཆོས་སྡེའི་ཚོགས་པ་འཛུགས་ཆོག་པ་བྱུང་། དེར་བརྟེན་རིམ་བཞིན་ཆོས་བརྒྱུད་གཞན་རྣམས་ལ་ཡང་ངོས་ལེན་ཐོབ་ནས་མཐར་ ཧྥ་རན་སིའི་ནང་པ་མཐུན་གྲོགས་ཚོགས་པ་ (Union Bouddhist de France) ཞེས་པའང་ཚུགས་ཏེ། ད་ཆར་ཧྥ་རན་སིར་ནང་ཆོས་ལ་དད་འདུན་པ་ས་ཡ་གཅིག་བྱུང་ཡོད་པས་ཆོས་ལུགས་ཨང་བཞི་པ་ཆགས་ཡོད།

   གཞན་ཡང་རྒྱལ་བའི་དབང་པོ་དཔལ་ ༧ཀརྨ་པ་ ༡༦ པ་ཆེན་པོ་མཆོག་དང་ ༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག ༧དཔའ་བོ་མཆོག་སྤྲུལ་རིན་པོ་ཆེ་སྐུ་གོང་མ་དང་། བོན་གྱི་བསྟན་བདག་༧སློབ་དཔོན་ཆེན་པོ་བསྟན་འཛིན་རྣམ་དག་མཆོག་སོགས་བླ་མ་གང་མང་ལ་ཐུགས་ཕན་སོས་པའི་ཞབས་ཞུ་གནང་ཡོད།

   སྤྱི་ལོ་ ༡༩༨༡ ཟླ་བ་ ༡༠ པའི་ནང་ ཧོང་ཀོང་ (Hong Kong) ལ་རྒྱལ་བ་༧ཀརྨ་པ་ ༡༦ པ་མཆོག་ བཙུན་མོ་མཱ་རི་ (Queen Mary) ཞེས་པའི་སྨན་ཁང་དུ་བཞུགས་སྐབས་མཇལ་ཁ་ཞུས། རྒྱལ་བ་༧ཀརྨ་པ་མཆོག་གིས་མ་འོངས་པར་༧ཀརྨ་པ་སྐུ་ཕྲེང་ ༡༧ པ་ཇི་ལྟར་ཕེབས་ཚུལ་འཁྲུངས་ལོ་ ༡༩༨༣ ཡིན་པ་བཅས་ཞལ་ཆེམས་གསལ་གནང་དང་བཅས་ཀརྨ་པ་ཁོང་ཉིད་དང་ཆོས་འབྲེལ་མུ་ཐུད་དུ་ཡོང་བའི་ལུང་བསྟན་ཁོང་དང་སྲས་ཆུང་བ་གཉིས་ལ་གནང་བ་ལྟར། ཕྱིས་སུ་༧རྗེ་ ༡༦ པ་ཆེན་པོའི་ལུང་བསྟན་དང་མཐུན་པར་ ༡༩༨༣ ལོར་འཁྲུངས་པའི་ཡང་སྲིད་༧ཀརྨ་པ་སྐུ་ཕྲེང་ ༡༧ པ་མཐའ་ཡས་རྡོ་རྗེ་མཆོག་དང་ཞལ་མཇལ་བྱུང་ནས་སྤྲུལ་སྐུ་འཁྲུལ་མེད་ཡིན་པའི་ངེས་ཤེས་དང་དད་གུས་ཆེན་པོ་སྐྱེས།

སྐུ་ཚེའི་མཐའ་མ།

   ཁོང་ཉིད་ནམ་རྒྱུན་གཞན་ཕན་གྱི་ཐུགས་རྩེ་ཆེ་བས་མི་གཞན་དང་སྤྱི་ཚོགས་ལ་ཞབས་ཞུ་གང་ལེགས་མཛད་པ་ཙམ་དུ་མ་ཟད་དགུང་ལོ་ཧ་ཅང་བགྲེས་པའི་ཁོང་ཉིད་ཀྱི་ཡབ་ཡུམ་ཟུང་ལའང་བཀུར་བསྟི་ཞབས་ཞུ་ཆེན་པོ་གནང་ཞིང་། གདོར་ན་ནང་བསྟན་སྤྱི་ལ་ཞབས་ཞུ་དང་ཉམས་ལེན་མཛད་ཅིང་སྒོས་སུ་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་༼དེ་ཡང་བོན་གྱི་ལྟ་བའི་གདམས་པ་ལ་༽ཉམས་བཞེས་ལྷག་པར་གནང་སྟེ། མཐར་དཔལ་༧ཀརྨ་རིག་པའི་རྡོ་རྗེ་མཆོག་ལ་རྗེས་དྲན་མཆོད་བརྟེན་ཞིག་དྭགས་པོ་བཀའ་བརྒྱུད་གླིང་དུ་བཞེངས་རྒྱུའི་ཞལ་ཆེམས་དང་མ་དངུལ་བཅས་ཤུལ་འཇོག་གནང་ཞིང་། ད་དུང་ལེགས་སྦྱར་སྐད་དང་བོད་ཡིག་ནང་གི་ལྟ་གྲུབ་ཁག་ཡིག་སྒྱུར་དང་ཚན་རིག་དང་ནང་པའི་ལྟ་བ་གཤིབ་སྡུར་གྱི་ལས་གཞི་ཞིག་རྒྱུན་བསྲིང་ཡོང་བར་ཡང་མ་དངུལ་ཤུལ་འཇོག་དང་བཅས་ཞལ་ཆེམས་གསལ་འཇོག་གིས་མཐར། སྙུང་གཞི་རྒྱུན་རིང་སོང་རྐྱེན་སྤྱི་ལོ་ ༢༠༡༦ ཟླ་བ་ ༢ པའི་ཚེས་ ༡༥ འམ་བོད་ལུགས་མེ་ཕོ་སྤྲེལ་ལོའི་ཟླ་བ་ ༡ པོའི་ཚེས་༨ ཉིན་ཐུགས་བདེ་བའི་ཉམས་དང་བཅས་དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་ཆེན་པོ་མཆོག་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ཀྱིན་སེམས་དོན་ཤེས་བཞིན་པའི་ངང་ནས་སྐུ་ཞི་བར་གཤེགས་སོ།། །།

RELATED MATERIAL

Leave a Reply

Your email address will not be published. Required fields are marked *